༸སྐྱབས་རྗེ་བདུད་འཇོམས་གདུང་འཛིན་
དགའ་རབ་རྡོ་རྗེ་རིན་པོ་ཆེའི་མཛད་རྣམ།

ཀློང་ཆེན་མཛོད་འཛིན་རྣལ་འབྱོར་པ།

༄༅། །༸ སྐྱབས་རྗེ་བདུད་འཇོམས་གདུང་འཛིན་དགའ་རབ་རྡོ་རྗེ་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས།

ཁྲོས་མའི་ལུང་བྱང་ལས། རྗེ་དགའ་རབ་རྡོ་རྗེ་ཞེས་པ་བཞད༔ ཀློང་ཆེན་པོ་མཛོད་འཛིན་རྟུལ་ཞུགས་འཆང༔ འགྲོ་ཁམས་ཀྱི་མུན་སེལ་གཅིག་ཉིད་དུ༔ མདོ་དབུས་གཙང་ཁ་ལོ་བསྒྱུར་བར་བྱེད༔ ཞེས་དང་། ཁོང་སྔགས་བཙུན་རབ་གྱི་མིང་ཅན་ལ༔ ཆོས་ཟབ་གསང་སྙིང་པོའི་བཀའ་ཡང་བབས༔ ཞེས་ལུང་གིས་བསྔགས་པ་ལྟར། འབྲུག་ཡུལ་ཤར་ཕྱོགས་བཀྲིས་སྒང་ཆ་འདུས་བྲེ་ཁ་འོད་གསལ་ཆོས་གླིང་དུ། ཡབ་ཨོ་རྒྱན་རྡོ་རྗེ་གླིང་པའི་གཏེར་ལུང་ལས་བསླུ་མེད་རྡོ་རྗེའི་ལུང་གིས་ཟིན་པའི་ཨོ་རྒྱན་མ་ཧཱ་གུ་རུའི་རྒྱལ་ཚབ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གདུང་སྲས་ཕྲིན་ལས་ནོར་བུ་དང་། ཡུམ་གཏེར་སྟོན་པདྨ་གླིང་པའི་གདུང་བརྒྱུད་ལས་བྱོན་པའི་སྦས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གྲུབ་དབང་བླ་མ་བསོད་ནམས་བཟང་པོའི་སྲས་མོ་འཇམ་དབྱངས་ཆོས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་ ༡༧ པ་ཆུ་སྦྲུལ་ལོ་དང་། སྤྱི་ལོ་ ༡༩༦༥ ལ་ངོ་མཚར་བའི་ལྟས་བཟང་དུ་མས་རྒྱན་ཏེ་མཚན་དཔེའི་མྱུ་གུ་གསར་དུ་བཞེད། ཡུམ་གྱི་ལྷུམས་སུ་བཞུགས་པའི་ཚེ་མཁས་ཤིང་གྲུབ་བརྙེས་སྤོ་ལོ་མཁན་རིན་པོ་ཆེས་ལུང་བྱང་གི་དོན་དང་མཐུན་པར་དགའ་རབ་རྡོ་རྗེ་ཞེས་མཚན་གསོལ་ཏེ་ཞབས་འབྲིང་ལེགས་པར་བགྱི་ལ། མ་འོངས་པར་རྫོགས་ཆེན་གྱི་ཆོས་རྣམས་ཕྱིའི་སྦྱངས་པ་ལ་མི་ལྟོས་པར་རང་བྱུང་ཡེ་ཤེས་དགོངས་པ་ཀློང་ནས་བརྡོལ་ཏེ་མཁྱེན་རབ་ཀྱི་རྩལ་ཁ་ཕྱོགས་མེད་དུ་འབར་བས་བསྟན་འགྲོའི་མཛད་ཕྲིན་སྤེལ་བ་ལ་འགྲན་ཟླ་དང་བྲལ་བ་ཞིག་འབྱུང་ཞེས་ལུང་བསྟན་བཟང་པོ་གནང་། སྐུ་ཆུང་དུས་ནས་སྐྱེས་ཆེན་དམ་པའི་ངང་ཚུལ་ལྷན་སྐྱེས་སུ་མངའ། འབྲི་ཀློག་ཡི་གེ་རྣམས་བསླབ་ཚུལ་བསྟན་པ་ཙམ་ལས་ཚེགས་མེད་དུ་མཁྱེན། སྤྱི་ལོ་ ༡༩༧༠ ལོར་དཔལ་ལྡན་འབྲུག་གཞུང་གི་རིག་གཞུང་སློབ་གྲྭ་སེམས་རྟོགས་ཁ་དང་། སྤྱི་ལོ་ ༡༩༧༥ ལོར་ཨོ་རྒྱན་སྨིན་གྲོལ་གཉིས་པ་ངེས་དོན་དགའ་བའི་ཚལ། སྤྱི་ལོ་ ༡༩༨༥ ལོ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་སོགས་ཆོས་སྡེ་ཆེན་མོ་རྣམས་སུ་བརྡ་དག་སྙན་གསུམ་དང་མདོ་རྒྱུད་གཞུང་ཆེན་རབ་འབྱམས་ལ་བྱང་ཆུབ་པར་མཛད། ཁྱད་པར་ ༸ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྐུ་མདུན་ནས་རིན་ཆེན་གཏེར་མཛོད་ཆེན་མོ་དང་། བདུད་འཇོམས་གོང་འོག་གི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་གསན་ཏེ་གཏེར་གསར་བསྟན་པའི་མངའ་བདག་ཏུ་དབང་བསྐུར། དིལ་མཁྱེན་རིན་པོ་ཆེའི་སྐུ་མདུན་ནས་བཀའ་གཏེར་ཡོངས་རྫོགས་ཀྱི་དབང་ལུང་གསན། ཡབ་རྗེ་རིན་པོ་ཆེ་ནས་རྒྱུད་གསང་སྙིང་ལྗགས་ཁྲིད་ལན་མང་ཞུ། སྔ་འགྱུར་བདུད་འཇོམས་གཏེར་གསར་གྱི་ཆོས་བརྒྱུད་དང་གདུང་རྒྱུད་དྲི་མ་མེད་པའི་གསེར་ཐག་ལ་དམ་ཚིག་གཡའི་སེལ་དྲི་ཙམ་མ་གོས་པར་ཕ་ནོར་བུ་ཡིས་ལེན་པར་ཐེ་ཚོམ་མེད་ཅེས་པ་བཞིན་། རིས་སུ་མ་ཆད་པའི་སྐྱེས་ཆེན་དུ་མ་ནས་བཀའ་གཏེར་དབང་ལུང་གདམས་ངག་ཡོངས་རྫོགས་ལ་གསན་བཞེས་མཛད་པས་མངའ་དབང་འབྱོར་བས་སོ། །

སྔོན་ཡབ་རྗེ་དམ་པའི་ལུང་བསྟན་གནང་བ་བཞིན་འབྲུག་ཏུ་ཡབ་རྗེས་ཞལ་སློབ་དུ་མས་གསོལ་བ་བཏབ་པ་ལ་བརྟེན་ནས་སྤྱི་ལོ་ ༡༩༨༨ ལོར་སྔོན་ཡབ་རྗེ་རིན་པོ་ཆེའི་གདན་ས་དགེ་སློང་དགོན་པའམ་༼ཐེག་མཆོག་དགའ་རབ་ཡང་རྩེར་༽ཐེངས་དང་པོ་ཞབས་བཅགས། སྒོམ་གྲྭ་བཅུ་ཕྲག་གཉིས་ཙམ་འདུས་པ་རྣམས་ལ་གཏེར་གསར་སྔོན་འགྲོ་ཁྲིད་དང་། ཡུལ་ལུང་སོ་སོར་ཕེབས་ཏེ་སྐྱེ་འགྲོ་མང་པོར་སྐྱབས་སེམས་ཀྱི་སྡོམ་པ་དང་། དགེ་སྡིག་སྤང་བླང་། ཚོགས་འཁོར་དང་སྒྲུབ་ཆེན་རྒྱུན་འཛུགས་མཛད་དེ་གང་འདུལ་གྱིས་མཛད་པས་ཐར་ལམ་དུ་བཀྲི་བར་མཛད།

སྤྱི་ལོ་ ༡༩༨༩ ལོར་གཙུག་ལག་ཁང་རང་བྱུང་འོད་གསལ་ཆོས་གླིང་རྟེན་དང་བརྟེན་པ་བཅས་ཕྱག་བཏབ། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་གསར་དུ་བཙུགས་ནས་བཤད་སྒྲུབ་ཀྱི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་སྤེལ་། སྤྱི་ལོ ༡༩༩༣ ལོར་ཐེག་མཆོག་ཀུན་བཟང་ཆོས་སྒྲོན་ཞེས་བཙུན་མའི་སྡེ་དང་། བྲེ་ཁ་འོད་གསལ་ཆོས་གླིང་སྒོམ་གྲྭ་གཙོས་དགོན་ལག་བཅུ་བཞི་ལ་བཤད་སྒྲུབ་ཀྱི་སྡེ་བཙུགས་ནས་ཐུབ་བསྟན་སྔར་བས་གོང་དུ་འཕེལ།

ཁྲག་འཐུང་བདུད་འཇོམས་གླིང་པའི་ལུང་བསྟན་དུས་སུ་སྨིན་པས། སྤྱི་ལོ་ ༢༠༠༠ ཡས་མས་འབྲུག་ཏུ་མ་ཅིག་ཁྲོས་མ་ནག་མོའི་ཆོས་འཁོར་ཐོག་མར་བསྐོར་ནས་ཁྲོས་མའི་སྡེ་གསར་དུ་གཞི་བཙུགས་གནང་བ་ནས་བཟུང་ད་བར་འབྲུག་ནང་འཁོད་ཁྲོས་མ་ཚོགས་ཆུང་ ༤༦ ལ་ཉམས་ལེན་པ་ཁྲི་ཁྲག་གསུམ་ལས་བརྒལ་ཡོད་ཅིང་འབྲུག་ཁྲོས་མ་ཚོགས་པའི་སྒྲིག་གཞི་དང་ལམ་ལུགས་ཀྱང་ཡུན་བརྟན་ཆེད་གཏན་འབེབས་མཛད།

སྤྱི་ལོ་ ༢༠༠༤ ལོར་གདན་ས་རང་བྱུང་འོད་གསལ་ཆོས་གླིང་དུ་བདུད་འཇོམས་འགྲོ་འདུལ་གླིང་པའི་བཀའ་འབུམ་དབང་ལུང་ཡོངས་རྫོགས་དང་ཡབ་རྗེ་དམ་པའི་རྟོགས་ཆོས་དུམ་བུ་དང་པོ་གཉིས་པའང་ལུང་རྒྱུན་སྩོལ། སྤྱི་ལོ་ ༢༠༢༡ ལོར་རང་བྱུང་འོད་གསལ་ཆོས་གླིང་མཁན་སློབ་འདུས་དམང་ནས་གསོལ་བ་བཏབ་པ་བཞིན་གནང་ལུགས་རང་བྱུང་། གསང་ཁྲིད་བཀའ་རྒྱ་མ། ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ཀྱི་ལྗགས་ལུང་གནང་། སྤྱི་ལོ་ ༢༠༢༢ ལོར་འབྲུག་བུམ་ཐང་ཆུ་སྨད་བྱང་ཆུབ་དགའ་བའི་དགའ་ཚལ་དུ་སྤྲུལ་ཚུལ་ཁྲིམས་གོ་ཆས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་བཞིན་ ༸ སྐྱབས་རྗེ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་གསུང་འབུམ་དང། ཀརྨ་གླིང་པའི་ཐོས་གྲོལ་གི་ལུང། བདུད་འཇོམས་ཞི་ཁྲོ་སྔགས་གསོའི་སྨིན་བྱེད་ཀྱི་དབང་གནང།

སྤྱི་ལོ་ ༢༠༢༢ ལོར་རང་བྱུང་འོད་གསལ་ཆོས་གླིང་དུ་སྤྲུལ་ཚུལ་ཁྲིམས་གོ་ཆས་རེ་སྐུལ་ཞུས་པ་བཞིན་ཁྲག་འཐུང་བདུད་འཇོམས་གླིང་པའི་གསུང་འབུམ་ཡོངས་རྫོགས་ཀྱི་དབང་ལུང་གནང་། མཁན་སློབ་དགེ་འདུན་འདུས་མང་ཡོངས་ལ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཀའ་དབང་གནང་། མདོར་ན་དམངས་ཚོགས་རིས་སུ་མ་ཆད་པ་རྣམས་ལ་ཚེ་འདི་ཕྱི་གཉིས་ཕན་བླང་དོར་ལམ་སྟོན་གནང་བ་སོགས་ཕྲིན་ལས་མཛད་པ་མཐའ་ཡས་སོ། །

བདུད་འཇོམས་གཏེར་གསར་རྩ་གསུམ་སྒྲུབ་པ་ཉམས་བཞེས་གནང་བའི་དོན་དུ་སྒྲུབ་གྲྭ་བཞི་ལྷག་ཙམ་གསར་དུ་བཙུགས་པ་སོགས་བསྟན་པའི་བྱ་བ་རླབས་ཆེན་བསྐྱངས་བས་མཉམ་མེད་བུ་རམ་ཤིང་པའི་བསྟན་པ་གསལ་བྱེད་ལྟ་བུར་འགྱུར།

དེ་བཞིན་ནུབ་ཕྱོགས་ཡུ་རོབ་རྒྱལ་ཁབ། ཨུ་རུ་སུ། བརཱ་ཛིལ། ཀེ་ན་ཌཱ། ཨིང་ལེན། བལ་ཇི་རི།ཐཱའི་ཝན། མ་ལི་ཤི་ཡ། རྒྱ་ནག་སོགས་དང་། རྒྱ་གར་བོད་བལ་ཡུལ་སོགས་ལའང་བདུད་འཇོམས་ཆོས་ཁང་མང་པོ་གཞི་བཙུགས་གནང་སྟེ་ཉམས་ལེན་པ་མི་ཉུང་བ་ནམ་མཁའི་སྐར་ཚོགས་ལྟར་ཁྱབ་ཡོད། དགོན་མ་ལག་རྣམས་སུ་དགེ་འདུན་པ་དྲུག་བརྒྱ་ཙམ་དང་བཙུན་མ་གཉིས་བརྒྱ་ལྷག་ཙམ་རྒྱུན་དུ་ལྟོ་གོས་ཆོས་གསུམ་གནང་བས་བཀའ་དྲིན་གསུམ་ལྡན་གྱི་སྐྱབས་ཡུལ་དུ་འགྱུར། ཁྲོས་མ་ཉམས་ལེན་པ་སྟོང་ཕྲག་ལྔ་ལས་མང་བ་ལོ་རེར་ཁྲོས་མའི་གཉན་མཚམས་༼ ཞག་གསུམ༽ མར་ཁྲོས་མའི་དབང་ཆེན་གནང་སྟེ་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་བླ་མའི་རྣལ་འབྱོར་འཕོ་བ་བཅས་བཤད་ཁྲིད་དང་སྒོམ་རིམ་གྱིས་རྒྱུད་གྲོལ་བར་མཛད། ཚོགས་བསགས་དངོས་གྲུབ་ཆར་འབེབས་ལུང་སྩོལ་བ་སོགས་སྐྱེ་འགྲོ་རྣམས་ཚེ་འདིར་ཀུན་བཟང་གི་ས་ལ་འདྲེན་པར་མཛད། གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་ ༸ སྐྱབས་རྗེ་རིན་པོ་ཆེ་རང་གི་དབུ་བཞུགས་རྒྱལ་སྤྱི་ཁག་ནས་ཁྲོས་མ་ཉམས་ལེན་པ་ཁྲི་ཕྲག་གདན་འཛོམས་ཏེ་འཛམ་གླིང་ཞི་བདེ་བདུད་འཇོམས་ཁྲོས་མའི་ཚོགས་འབུམ་ཆེན་མོ་ལོ་གཉིས་རེ་མཚམས་སུ་འཚོགས་གནང་སྟེ་གསང་སྔགས་རྫོགས་པ་ཆེན་པོ་བླ་ནས་བླ་རུ་འདེགས་པས་བསྟན་པའི་མཛེས་རྒྱན་དུ་གྱུར་པ་གོར་མ་ཆག་གོ །

གཞན་ཡང་སྨན་ལྗོངས་འབྲུག་གི་ན་གཞོན་མང་རབས་ནང་པ་སངས་རྒྱས་པའི་དོན་གོ་བ་གལ་ཆེ་བས་ནང་ཆོས་ལ་འཛུད་པའི་ཆེད་དུ་**འབྲུག་ནང་པའི་གཞོན་ནུ་ཞེས་ཚོགས་**པ་ཞིག་བཟོས། སློབ་ཕྲུག་ན་གཞོན་མང་པོ་མཉམ་ཞུགས་བགྱིད་ཀྱིས་ཕྱི་པ་དང་ནང་པའི་ཁྱད་པར་སོགས་སྤང་བླང་གི་ལམ་སྟོན་མཛད་པས་དེང་སང་འབྲུག་ནང་པའི་གཞོན་ནུའི་ཚོགས་པ་འགོ་འདྲེན་ཐབས་ཐོག་ས་ག་ཟླ་བར་དུས་ཆེན་ལྔ་འཛོམས་དུ་སྟོན་པའི་འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུས་པས་ནང་ཆོས་ཀྱི་བདག་པོ་སྟོན་པ་བཀའ་དྲིན་ཅན་རྗེས་སུ་དྲན་པས་མི་མང་པོ་དད་པའི་ཡུལ་དུ་བྱས། གོང་དུ་ཇི་སྐད་སྨོས་པའི་འབྱུང་རིམ་རྣམས་ད་ལྟ་ཆོས་སྡེ་ལྷན་ཚོགས་ཀྱི་དབུ་འཕང་མངའ་འོག་ཏུ་ཟུར་སྦྲགས་བྱ་སྒོའི་རིམ་པ་དང་བསྟུན་ཚུལ་ལྡན་གྱི་ཐོ་བཀོད་གྲུབ་སྟེ་༼ རང་བྱུང་ཕན་བདེ་གཞི་ཚོགས༽ ཞེས་པའི་གཞུང་འབྲེལ་གྱི་ཁྱབ་དབང་ཚད་ལྡན་སྲོལ་རྒྱུན་གྱི་ཆོས་དང་རིགས་གཞུང་མི་ཉམས་གོང་འཕེལ་ཉམས་པ་སོར་ཆུད་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གཞི་རྩ་དང་ལྟ་བ་དམིགས་དོན་གྲུབ་ཐབས་སུ་ཡོ་བསྲང་དང། ལྷོ་མོན་ཁ་བཞི་སྨན་ལྗོངས་ཙན་དན་བཀོད་པའི་དོ་ར་འདི་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དར་བའི་སྦས་གནས་ཁྱད་པར་ཅན་འབྲུག་རྒྱལ་ཁབ་ཀྱི་མཚན་སྙན་དབྱར་གྱི་རྔ་གསང་ཕྱོགས་ཀུན་ཏུ་ཁྱབ་ཏེ་རྒྱབ་ཁབ་ཀྱི་མི་རིགས་དང་ངོ་རྟགས་ཆོས་དང་ལམ་སྲོལ་དར་སྤེལ་དང་། ཁྱད་པར་དུ་འཛམ་གླིང་ཤར་ནུབ་གང་སར་མཉམ་མེད་བུ་རམ་ཤིང་པའི་རྒྱལ་བསྟན་སྤྱི་དང་། བྱེ་བྲག་སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ། ཡང་སྒོས་བདུད་འཇོམས་གཏེར་གསར་གྱི་བསྟན་པ་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་ལ་འགྲན་པའི་ཟླ་དང་བྲལ་བའི་རྒྱལ་མཚན་གྱི་ཏོག་ལྟ་བུར་འགྲོ་དོན་མཛད་དང་མཛད་བཞིན་པ་ལགས་སོ།།

པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །

གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།།

ཅེས་པའང་འགྲོ་འདུལ་གླིང་པའི་དབང་ལུང་གོ་སྒྲིག་ཚོགས་ཆུང་ནས་སྤེལ་བ་དགེ །